ཚོགས་གླུ་རྩ་གསུམ་དགྱེས་པའི་རོལ་མོ།།

༄༅། །  ཚོགས་གླུ་རྩ་གསུམ་དགྱེས་པའི་རོལ་མོ་བཞུགས་སོ།།

 

ནང་གསལ་ཁྱད་ཆོས་དྲུག་ལྡན་བུམ་སྐུ་ཡི་ཀློང་ལས། །

འགག་མེད་སྒྱུ་འཕྲུལ་བཀོད་པ་འཇའ་ལུས་ཀྱི་རྣལ་འབྱོར། །

རིགས་ཀུན་ཁྱབ་བདག་དྲི་མེད་འོད་ཟེར་དེ་མཁྱེན་ནོ། །

སྤྱི་གཙུག་ཛ་ལན་ད་རའི་བག་གམ་དུ་བཞུགས་མཛོད། །

 

ཨེ་མ་གསན་དང་སྐལ་ལྡན་འདི་ཚོགས་ཀྱི་ཕོ་མོ། །

ཨོ་རྒྱན་རིག་འཛིན་བརྒྱུད་པ་ཌཱ་ཀི་དང་བཅས་པས། །

བྱིན་རླབས་མཆོག་ཐུན་སྤྲིན་ཕུང་ལྷང་ལྷང་དུ་ངོམ་པ། །

གསང་ཆེན་བསྟན་པའི་འབྱུང་གནས་སྨན་ལྗོངས་ལ་གཟིགས་ཞུ། །

 

སྣ་ཚོགས་སྐུ་དང་ཕྱག་ཞབས་རང་བྱོན་གྱི་རྣམ་པ། །

རི་བྲག་གངས་མཚོ་རྣམས་ཀྱང་སྒྲུབ་གནས་ཀྱི་རང་བཞིན། །

སྒྱུ་མའི་རྣལ་འབྱོར་སྐྱིད་པའི་ཁང་བཟང་ལ་བྱོན་དང་། །

སྣང་སྲིད་མི་རྟོག་ཆོས་སྐུའི་བསུ་མ་ལ་ཆས་རན། །

 

ཆོས་མེད་ཀླ་ཀློའི་སྡིག་སྤྱོད་འཚེ་བ་དང་མནར་གཅོད། །

ལོག་སྨོན་བདུད་སྡེའི་བསམ་པ་གཡོ་སྒྱུ་དང་སླུ་འདྲིད། །

རྣམ་ཀུན་མིང་ཙམ་མེད་པ་དགེ་བཅུ་ཡི་རང་གཤིས། །

མ་བརྩོན་ལྷུན་གྱིས་གྲུབ་པ་ངོ་མཚར་ཞིག་སྣང་ངོ། །

 

སྟེང་ན་ཆོས་རྒྱལ་གདུང་རབས་ལྷུན་པོ་ལྟར་མཐོ་བ། །

འོག་ན་འབངས་ཁྱིམ་ཐམས་ཅད་བདེ་སྐྱིད་ཀྱི་བག་ཡངས། །

ཀུན་ཀྱང་མ་སྐྱང་ལྷག་བསམ་གཅིག་མཐུན་གྱི་ངང་ནས། །

བསླུ་མེད་མཆོག་གསུམ་སྲིད་ཞིའི་བསྙེན་བཀུར་ལ་གཟིགས་མཛོད། །

 

ཨ་ཧོ་རྡོ་རྗེའི་མཆེད་ལྕམ་ཚོགས་འཁོར་དུ་ལྷགས་པ། །

ལྷུན་རྫོགས་དག་པ་ཆེན་པོའི་བསྐྱེད་རིམ་ལ་བཞེངས་ཏེ། །

ཟག་མེད་བདུད་རྩིའི་ལོངས་སྤྱོད་བརྟུལ་ཞུགས་ཀྱི་སྤྱོད་པ། །

བརྒྱུད་གསུམ་ཡི་དམ་ཌཱ་ཀི་སྤྲིན་ཕུང་བཞིན་འདུའོ། །

 

སྣང་ཞིང་སྲིད་པའི་ཆོས་སོ་ཨ་མཐས་སུ་ཞེན་ཀྱང་། །

འབུམ་ཕྲག་རིག་པས་བཅིང་ཚེ་འཇའ་ཚོན་བཞིན་ཡལ་འགྲོ། །

བཅོས་མིན་རང་གཤིས་མཐའ་བྲལ་ནང་དབྱིངས་སུ་འཇོག་པ། །

རང་བྱུང་ཐིག་ལེ་ཉག་གཅིག་དེ་ཀ་ལ་བསྙད་དོ། །

 

ངོ་མཚར་ཕྱག་རྒྱའི་རྣལ་འབྱོར་རང་བྱན་དུ་ཆུབ་པས། །

བདེ་སྟོང་ཕོ་ཉའི་ལམ་དུ་རྗེས་ཆགས་ཤིག་སྐྱོང་ན། །

འཁྲུལ་རྟོག་ཡེ་ཤེས་ཆེན་པོའི་ཡོ་ལང་དུ་སད་དེ། །

མཁའ་སྦྱོར་ཡན་ལག་བདུན་ལྡན་མྱུར་བ་རུ་འབྱོན་ཡོང་། །

 

ཀ་དག་ཆོས་སྐུ་ལྟ་བ་ཟང་ཐལ་གྱི་རིག་པ། །

ལྷུན་གྲུབ་ལོངས་སྐུའི་སྒོམ་པ་འོད་གསལ་གྱི་སྣང་བཞི། །

རྩོལ་མེད་སྤྲུལ་སྐུའི་སྤྱོད་པ་བྱུང་རྒྱལ་གྱི་ངང་ནས། །

རིག་འཛིན་རྣམ་བཞིའི་ས་ལ་ཁྱུང་ལྡིང་བཞིན་འཕུར་འགྲོ། །

 

དེ་རིང་སྐྱིད་དོ་རྩ་གསུམ་ལྷ་ཚོགས་ཀྱི་འདུ་རར། །

ཐབས་ཆེན་སྔགས་ཀྱི་སྤྱོད་པ་སྣ་ཚོགས་ལ་བརྟེན་ཏེ། །

སྟོན་འཁོར་གཅིག་ཏུ་འཚོགས་པའི་དགེ་མཚན་གྱི་སྣང་བར། །

མཐའ་ཀླས་འགྲོ་བ་འདྲེན་པའི་སྨོན་ལམ་ཞིག་ཞུའོ། །

 

ཞེས་པ་འདི་ནི་སྔོན་བྱོན་རིག་འཛིན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་རྒྱལ་ཡུམ་སྐུ་བགྲེས་ཕུན་ཚོགས་ཆོས་སྒྲོན་མཆོག་གི་བདག་རྐྱེན་ལས་བྱུང་བའི་གཙུག་ལག་ཁང་མདོ་སྔགས་བསྟན་པ་རྣམ་གསུམ་གྱི་སྤྱན་སྔར་རབ་བྱུང་༡༧ ལྕགས་ལུག་ལོར་སྒང་སྟེང་རིག་གཞུང་བཤད་གྲྭ་པ་རྣམས་དང་ལྷན་གཅིག་ཏུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དུས་མཆོད་ལ་ཞུགས་སྐབས་ཉེ་བར་མཁོ་བའི་རྐྱེན་གྱི་མཁན་པོ་རྣམ་གྲོལ་ནས་རང་གར་བྲིས་པ་དགེ་འོ། །            ། །

ShareTweet about this on TwitterShare on Google+Share on LinkedInShare on Facebook